ཏི་སེའི་འོད་སྣང་ཞེས་པའི་སྙན་ངག་གྱེར་འདོན་གྱི་བསྡུས་འཕྲིན།

 རྟག་གུས་ཐོས་པ་གསོག་རྒྱུ་གལ་ཆེ་བ་ཡིན་ལུགས་སྔོན་བྱོན་མེས་པོ་རྣམས་ཀྱིས་གསུངས་ཡོད་ལ། དོན་དངོས་པོའི་ཐོག་ནའང་དེ་ལྟར་ཡིན་གཤིས། སེམས་མཐུན་གྱི་མི་དང་ལས་མཐུན་མི་བུ་འགའ་སྟེ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་བོད་དགེ་འོས་དངོས་སྦྱོང་ཚོགས་པ་དང་ལྷ་ས་མངའ་རིས་ཧོ་པེའི་ཆ་ཚང་སློབ་འབྲིང་གི་བོད་ཡིག་སློབ་དཔྱོད་ཁང་ནས། སྙིང་ཉེ་བའི་སློབ་མ་རྣམས་ལ་གོམ་གང་མདུན་སྤོས་ཀྱི་བསྐུལ་སློང་ཡོང་བའི་ཕྱིར། ༼ཏི་སེའི་འོད་སྣང༽ཞེས་པ་ཁ་བྱང་དུ་བྱས་ནས་སྙན་ངག་གྱེར་འདོན་གྱི་བྱེད་སྒོ་ཞིག་ཟླ༡༡ཚེས༢༧ཉིན་ལྷ་ས་མངའ་རིས་ཧོ་པེའི་ཆ་ཚང་སློབ་འབྲིང་གི་ལུས་རྩལ་ཁང་དུ་གོ་རིམ་སྟབས་འབྲེལ་གྱི་ངང་ལ་སྤེལ།

         མདོ་འཛིན་པ་གཉིས་ནས་སྙན་འཇེབས་ངག་གི་དབྱངས་ལ་བརྟེན་ནས་ཐེངས་འདིའི་བྱེད་སྒོའི་སྒོ་མོ་ལེགས་པར་ཕྱེད་རྗེས།

     ཐོག་མར་བཀྲ་ཤིས་བརྟེན་འབྲེལ་མཚོན་བྱེད་དུ།དངོས་སྦྱོང་ཚོགས་པའི་ཚོགས་མི་ནོར་བུ་ཚེ་རིང་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་མ་གཏམ་འབྲས་དཀར་ཐུང་ཐུང་ཞིག་འཁྲབ་ནས་ཐེངས་འདིའི་བྱེད་སྒོའི་དབུ་ཚུགས་པ།

      ཇི་སྐད་དུ་མདོ་སྡེ་རྒྱན་ལས།བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།།ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག།དེ་ཉིད་རབ་ཏུ་རྟོག་པས་སྨྲ་མཁས་ལྡན།།བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་སྟེན།།ཞེས་པ་ལྟར་དགེ་བའི་བཤེས་གཉེན་ནི་རང་རྒྱུད་དུལ་ཞིང་ཡོན་ཏན་གྱི་ཕྱུག་པ།ངག་གི་དཔལ་དང་ལྡན་ཅིང་བརྩེ་བས་བཅིངས་པའི་མི་བུ་ཁྱད་དུ་འཕགས་པ་ཞིག་ཡིན་པ་ནི་སྨོས་མེད་རེད།དེས་ན་དགེ་རྒན་ནི་སློབ་མའི་མིག་ནང་གི་འབྲས་དང་སེམས་ནང་གི་ཕ་མ།ངག་གི་ཡང་རྩེར་སྒྲོན་པའི་ཏམ་བུ་ར་དང་ལུས་ཀྱི་སྟང་སྟབས་ཕུལ་སའི་སེམས་ཁོངས་གི་ཉི་མ་དམར་པོ་ཡིན་ལགས་ན། རེབ་འདིར་སློབ་མ་རེ་ཟུང་ནས་དགེ་བའི་བཤེས་གཉེན་ཞེས་པ་བརྗོད་བྱར་བྱས་ནས་ངག་སྙན་མོའི་འགྱུར་ཁུགས་དང་ལྷན་དུ་རྣ་བའི་བདུད་བརྩིར་འོས་ཤིང་ཡིད་སེམས་འགུལ་བའི་སྙན་ངག་རྣམས་གྱེར་རོ། །

     སློབ་གྲྭ་འབྲིང་རིམ་གྱི་སློབ་མ་ཚོས་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གཞས་དང་ཞབས་བྲོ་ལ་དགའ་ཞེན་གྱི་བསམ་པ་སྐྱོངས་བའི་ཆེད་དང་སྲོལ་རྒྱུན་གྱི་སྒྲ་སྙན་དཀྲོལ་གཏོང་ལ་དུང་ཞེན་གྱི་བསམ་བློ་གོང་དུ་གཏོང་ཕྱིར་རང་སློབ་གྲྭའི་རྒན་སངས་རྒྱས་ཚེ་བརྟན་ལགས་ཀྱིས་གཙོ་འཛིན་བྱས་པའི་སློབ་མའི་རོལ་ཆ་ཚོགས་པ་ཚངས་དབྱངས་རོལ་ཚོགས་ཀྱིས༼   གཞས་ར་ཕྲ་མོ  ༽   དང༼    རི་བོ་སྟོད་ཀྱི་རི་ལ ༽ ཞེས་པ་དེ་དཀྲོལ་གཏོང་བྱས་པ་དང་གཞན་ཡང་དངོས་སྦྱོང་རྒན་བསོད་ནམས་བསྟན་པས་རྐྱང་གཞས༼    ཕ་མའི་དྲིན་ལན་བསམ་རོགས ༽  ཞེས་པ་བཏང་བ་དང་གཞན་ད་དུང་བོད་སྐད་ཡིག་དངོས་སྦྱོང་ཚོགས་པའི་དགེ་རྒན་ཚོས་མཉམ་གཞས༼    སྐྱིད་པའི་ཉི་མ ༽   བཏང་བ་དང་ལེ་ཚན་མཇུག་ཏུ་བོད་སྐད་ཡིག་དངོས་སྦྱོང་ཚོགས་པའི་རྒན་བུ་མོ་ཚོས་མི་རིགས་ཞབས་བྲོ་༼    གསེར་མདོག་གི་ལྷ་ས  ༽  ཞེས་པ་དེ་འཁྲབ་གནང་བ་རེད།

      མི་རིགས་ཤིག་དང་རྒྱལ་ཁབ་གཅིག་ལ་ཆ་མཚོན་ན།ཕ་སྐད་ནི་མི་རིགས་དེ་དང་རྒྱལ་ཁབ་གང་དེའི་བླ་སྲོག་ཡིན།སྲོག་རྩ་བརྟན་པོ་ཞིག་ལ་བརྟེན་ནས་མུ་མཐུད་འཛམ་གླིང་ཐོག་ཏུ་འཚོ་གཞེས་བྱེད་དགོས་པས།དམའ་འབྲིང་ལོ་རིམ་དང་པོའི་སློབ་མ་སྐར་མ་བཀྲ་ཤིས་རྣམ་རྒྱལ་དང་ནོར་བུ་གཡང་འཕེལ་གཉིས་ནས་དབྱངས་ཀྱི་འགྲོས་དང་བསྟུན་པར་ཕ་སྐད་དང་འབྲེལ་བའི་སྙན་ངག་འགའ་གྱེར་འདོན་གནང་།

ང་ཚོ་ཡང་མི་རིགས་ཀྱི་འབྱུང་ཁུངས་ཀུན་དང་འདྲ་བར།ཟླ་དགུ་ཞག་བཅུ་མ་ལོས་ཟུག་གཟེར་སྣ་ཚོགས་ཀྱི་དམྱལ་བ་ཕྲག་ཏུ་འཁུར་ནས་བྱུང་བའི་ཚེ་སྲོག་ཕྲ་མོ་ཞིག་ཡིན་ནའང་།དུས་ད་ལྟའི་བར་ཁྱེད་ཀྱི་བཀའ་དྲིན་སེམས་ནང་དྲན་པ་ཙམ་ལས་གང་ཡང་བྱ་མ་ཐུབ་པས།དུས་དེ་རིང་ལྷ་ས་མངའ་རིས་ཆ་སློབ་ནས་དྲིན་ཆེན་ཨ་མ་ཁྱེད་རྣམས་ལ་ཁྱེད་ཚོའི་བུ་ཕྲུག་དག་ནས་འཕུལ་བའི་ཚིག་དུམ་དེ་ཁྱེད་རྣམས་ཀྱི་སྙམ་ལམ་དུ་ཐོས་པའི་སྨོན་ལམ་ནམ་ཡང་མཆིས་སོ། །

དཔེ་དེབ་ནི་མིའི་རིགས་ལ་མེད་དུ་མི་རུང་ལ།མིའི་རིགས་ཀྱི་ཆེས་ཡག་ཤོས་ཀྱི་གྲོགས་པོར་འདུག་ཙ་ན།འདིར་ཚོགས་ཀྱི་དགེ་སློབ་ཀུན་ནས་དཔེ་དེབ་ཀྱི་འགལ་ཆེའི་རང་བཞིན་ལ་སྔར་ལས་ཀྱང་ཤེས་རྟོགས་ཡོང་ཕྱིར།སློབམའགའ་ཤས་ནས་དཔེ་དེབ་བརྗོད་བྱར་བྱས་ནས་སྙན་ངག་གྱེར།  

   དཔྱད་འདེམས་རྒན་ལགས་རྣམས་དང་དབུ་ཁྲིད།སློབ་མའི་ཚོགས་བཅས་ནས་སྙན་ངག་གྱེར་འདོན་ལ་གསན་བཞིན་པ། ཐེངས་འདིའི་གདན་ཞུའི་དཔྱད་འདེམས་ལ་རང་སློབ་གྲྭའི་སློབ་སྤྱི་གཞོན་པ་རྒན་ཕུར་བུ་བསམ་གྲུབ་ལགས་དང་།རྒན་འཆི་མེད་སྒྲོལ་དཀར་ལགས།ཀུན་སྤྱོད་སློབ་གསོ་ཁྲུའུ་ཡི་རྒན་བཀྲ་ཤིས་ལགས།རྒན་འཇིག་མེད་ལགས།སློབ་གྲྭའི་སྡེ་ཚོགས་ཁྲུའུ་ཡི་རྒན་སྐར་མ་ལགས།དམའ་འབྲིང་གསུམ་པའིབོད་ཡིག་སློབ་དཔྱོད་ཁང་གི་རྒན་ཚེ་རིང་མཚམས་གཅོད་ལགས།མཐོ་འབྲིང་གསུམ་པའི་བོད་ཡིག་སློབ་དཔྱོད་ཁང་གི་རྒན་བློ་དགའ་ལགས།དམའ་འབྲིང་གི་རྒན་བསོད་ནམས་ཚེ་རིང་ལགས་བཅས་ཡོད།

       སྙན་ངག་གྱེར་འདོན་ཡོངས་སུ་རྫོགས་རྗེས།ཐེངས་འདིར་བྱ་དགའ་ཐོབ་པའི་སློབ་མ་དང་སློབ་མ་སོ་སོོའི་མཛུབ་ཁྲིད་རྒན་ལགས་རྣམས་ལ་སློབ་གྲྭའི་དབུ་ཁྲིད་རྣམས་ཀྱིས་བྱ་དགའ་སྤྲད་པ་སྟེ།ཧྲུའུ་ཅི་ཟླ་བ་ཚེ་རིང་ནས་བྱ་དགའ་ཨང་དང་པོ་ཐོབ་པའི་སློབ་མ་རྣམས་དང་མཛུབ་ཁྲིད་དགེ་རྒན་རྣམས་ལ་བྱ་དགའ་གནང་བ་དང། བྱ་དགའ་ཨང་གཉིས་པ་ཐོབ་པའི་སློབ་མ་རྣམས་དང་མཛུབ་ཁྲིད་དགེ་རྒན་ལ་སློབ་སྤྱི་ཀའོ་ཅཱ་ཡིས་ནས་བྱ་དགའ་གནང་།བྱ་དགའ་ཨང་གསུམ་པ་ཐོབ་པའི་སློབ་མ་རྣམས་དང་མཛུབ་ཁྲིད་དགེ་རྒན་ལ་སློབ་སྤྱི་གཞོན་པ་རྒན་འཆི་མེད་སྒྲོལ་དཀར་ལགས་དང་།སློབ་སྤྱི་གཞོན་པ་ཧན་ཀྲུང་ཚུན།ཀུན་སྤྱོད་སློབ་གསོ་ཁྲུའུ་ཡི་རྒན་བཀྲ་ཤིས་བཅས་ནས་བྱ་དགའ་གནང་བའོ། །

     མཇུག་ཏུ་བོད་ཡིག་སློབ་དཔྱོད་ཁང་གི་རྒན་སངས་རྒྱས་ནས་ཐེངས་འདིའི་བྱེད་སྒོར་མདོར་བསྡུས་ཁ་གསལ་གྱི་ཐོག་ནསམཇུག་བསྡོམས་གནང་ལ།མཇུག་མཐར་སློབ་གྲྭའི་དབུ་ཁྲིད་རྣམ་པ་དང་ངེད་དངོས་སྦྱོང་ཚོགས་པའི་ཚོགས་མི་རྣམས་མཉམ་པར་སྐྱོན་པ། སརྦ་མངྒལཾ། ། 

▍文图:初高中教务处

▍审核 :多吉次仁/史有利

▍编辑 :扎西次旺